评论

གློ་བ།

གློ་བ།

གློ་བ། དོན་ལྔའི་ཡ་གྱལ་ཏེ་དག་ཡིག་ལས་ལེགས་སྦྱར་སྐད་ཀྱི་གློ་མམ་ཞེས་པ་དེ་ཟུར་ཆག་པ་ཡིན་ཞེས་བཤད། གློ་བ་ནི་རྩའི་དྲྭ་ཐུམ། དབུགས་ཀྱི་རྟེན། སྣབས་དང་ངར་སྣབས་ཀྱི་འབྱུང་གནས། དྲིའི་སྒོ་བཅས་ཡིན་པར་གསུངས་ལ། དེའི་བྱེད་ལས་གཙོ་བོ་ནི་དབུགས་འབྱིན་རྔུབས་བྱེད་པའི་ནུས་པ་ཐོན་པ་སྟེ། དེ་ཡང་དབུགས་ཕྱི་རུ་འབྱིན་སྐབས་གློ་བ་ཆུང་དུ་འགྲོ་བ་དང་། ནང་དུ་རྔུབ་དུས་ཆེ་རུ་འགྲོ་བར་བཤད། གློ་བ་མ་ལྔ་དང་བུ་ལྔའི་ཆགས་ཡུལ་སོ་སོ་བྱང་ཁོག་ཡུལ་ཐིག་ཏུ་གསལ། གློ་བ་དང་ལོང་ག་གཉིས་རླུང་སྙིགས་དང་ཟས་རོ་གསོག་སྣོད་ཡིན་པས་ན་འབྲེལ་ཆེ་ཞེས་འབྱུང་། འདི་ལ་གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་ལས། རླུང་གི་དྭངས་མ་དང་དབུགས་ཀྱི་རྟེན་དུ་གྱུར་བའི་གློ་བ་ནི་བྲང་ཁོག་གཡས་གཡོན་གཉིས་སུ་རེ་རེ་ཆགས་ཡོད་ཅིང་། གཞོགས་གཡས་ངོས་ཀྱི་གློ་བར་གློ་འདབ་སྟོད་མ་དང་། བར་མ། འོག་མ་བཅས་གསུམ་དང་། གཞོགས་གཡོན་ངོས་ཀྱི་གློ་བར་གློ་འདབ་སྟོད་མ་དང་། འོག་མ་བཅས་བསྡོམས་པའི་གློ་འདམ་ལྔ་ཡོད་པ་དེ་དག་གི་མདུན་ངོས་རྣམས་ལ་གློ་བའི་བུ་ལྔ་དང་། རྒྱབ་ངོས་རྣམས་ལ་གློ་བའི་མ་ལྔ་ཟེར་གྱི་ཡོད། གློ་བ་ནི་སོག་ཕོན་ལྤགས་གཡོག་དང་འདྲ་བར་གློ་བའི་བུ་ག་མང་པོ་མཉམ་རུབ་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། བུ་ག་དེ་ཚོའི་ནང་གསེབ་ཏུ་ཁྲག་རྩའི་དྲ་བ་ཆགས་ཡོད། མི་ཚོས་དུས་རྒྱུན་རྔུབ་འཐེན་བྱས་པའི་མཁའ་རླུང་གི་དྭངས་མ་གསོ་རླུང་ཡང་ཟར་བ་དེ་དང་། ཕྱིར་གཏོང་བའི་མཁའ་རླུང་གི་སྙིགས་མ་དེ་གཉིས་གློ་བའི་བུ་གའི་ནང་དུ་ཕན་ཚུན་བརྗེ་ལེན་བྱེད་ཀྱི་ཡོད་པ་རེད། ཞེས་འབྱུང་པ་ལྟར་དང་། ད་དུང་དེ་ཙམ་དུ་མ་ཟད་ཁྲག་རྩ་ཕྲ་མོ་དང་གློ་བའི་བུ་གའམ་ལྦུ་སོབ་གཉིས་ཕན་ཚུན་དམ་པོར་འབྱར་ཡོད་པར་བརྟེན་ནས་ཁྲག་རྩའི་ནང་དུ་རྒྱུ་བའི་རླུང་དང་གློ་བར་གནས་པའི་རླུང་དག་ཀྱང་བརྗེ་ལེན་གང་ཟབ་ཐེབས་ཀྱིན་ཡོད། རྒྱུད་ཀྱི་འདྲ་དཔེར་གློ་བ་མ་ལྔ་ནང་གི་བློན་པོ་འདྲ། གློ་བ་བུ་ལྔ་རྒྱལ་པོའི་སྲས་དང་འདྲ་ཞེས་པ་སྟེ། དེ་ཡང་གློ་བ་མ་ལྔ་ནི་སྙིང་གི་རྒྱབ་ཕྱོགས་ནས་ཚུར་སྐྱོར་བའི་ཚུལ་གྱིས་གནས་པས་རྒྱལ་པོའི་ནང་བློན་དང་འདྲ་ལ། གློ་བ་བུ་ལྔ་ནི་སྙིང་གི་ཕྱོགས་བཞིར་བསྐོར་ཏེ་དྲུང་དུ་སྡོད་ཅིང་གཉན་པས་རྒྱལ་པོའི་སྲས་དང་འདྲ་བ་ཡིན་པར་གསུངས།

最后一次编辑于  07-31  (未经腾讯允许,不得转载)
点赞 0
收藏
评论